ཀྲུའུ་ཏེ།

༄༅། ཧོང་པི་དང་ཏུང་པིའི་གཡུལ་འགྱེད་གཉིས་ལ་རྒྱལ་ཁ་རླབས་ཆེན་ཐོབ་པའི་བརྒྱུད་རིམ་དང་བསླབ་བྱའི་སྐོར།

(1933ལོའི་ཟླ་5ཚེས་28ཉིན།)


1993ལོའི་ཟླ་2པ་ནས་3པའི་བར་བློ་མཐུན་ཀྲུའུ་ཏེ་དང་ཀྲོའུ་ཨེན་ལའེ་རྣམ་གཉིས་ཀྱིས་དམར་དམག་ངོས་ཕྱོགས་དཔུང་ཚོགས་དང་པོར་བཀོད་འདོམས་མཛད་ནས་ཧོང་པི་དང་ཏུང་པིའི་ས་ཁུལ་གཉིས་སུ་དམག་ཤུགས་གཅིག་སྡུད་ཀྱིས་སྐོར་སྐྱོད་དམག་འཐབ་བྱེད་དུས་དགྲ་དཔུང་རེ་རེ་བཞིན་ཚར་གཅོད་པའི་བྱེད་ཕྱོགས་ལག་ལེན་དུ་བསྟར་ནས་དགྲ་བོའི་ཧྲི་ཤོག་གསུམ་རྩ་མེད་དུ་བཏང་བས། དགྲ་བོས་ཀྲུང་དབྱང་གསར་བརྗེའི་གནས་གཞིའི་ས་ཁུལ་ལ་“སྐོར་བཅོམ་”ཐེངས་བཞི་པ་བྱེད་པ་དེ་ཐལ་བའི་རྡུལ་དུ་བརླགས་པ་རེད། ཐེངས་འདིའི་“སྐོར་བཅོམ་”ལ་ངོ་རྒོལ་བྱས་པའི་ཉམས་མྱོང་དང་བསླབ་བྱ་ཕྱོགས་སྡོམ་བྱེད་ཆེད། བློ་མཐུན་ཀྲུའུ་ཏེས་གསུང་རྩོམ་འདི་བྲིས་པ་རེད། གསུང་རྩོམ་ཧྲིལ་པོར་ལེ་ཚན་བརྒྱད་ཡོད་ཅིང་དེབ་འདིར་ལེ་ཚན་དྲུག་བསྡུས་ཡོད།


དང་པོ། གཡུལ་འགྱེད་ཀྱི་བརྒྱུད་རིམ་སྐོར།

དགྲ་བོའི་“སྐོར་བཅོམ་”དམག་གི་ཐབས་ཇུས་ཐད་ཀྱི་འཆར་གཞི་ནི་གཤམ་གསལ་ལྟར།

ཁྲེན་ཁྲེང་གིས་དཀྱིལ་རུའི་སྤྱི་ཁྱབ་བཀོད་འདོམས་པའི་འགན་ཁུར་ཏེ་ཧྥུ་ཀྲོའུ་ལྟེ་གནས་སུ་བཟུང་ནས་གཞུང་སྒྲིག་རུ་ཁག་གསུམ་སྟེ་ཁྱོན་བསྡོམས་ཧྲི་ཤོག་བཅུ་ལ་བཀོད་འདོམས་བྱས་ནས་ཕྱི་ཁོངས་དམག་འཐབ་དང་དཔུང་བགོས་རུབ་འཛིང་གི་འཐབ་ཇུས་ཀྱི་རྩ་དོན་གཞིར་བཟུང་ནས་རང་རེའི་ལི་ཁྲོན་དང་། ཅན་ཉིན་དང་། ཐའེ་ཉིན་གྱི་མཐའ་ནས་བསྐོར་བ་དང་རྒོལ་རྡུང་བྱེད་རྒྱུ།

ཁོ་ཚོའི་འཐབ་ཇུས་ལག་ལེན་དུ་བསྟར་ཚུལ་ནི།

ཀྲའོ་ཀོན་ཐའོ་ཡིས་གཞུང་སྒྲིག་རུ་ཁག་གསུམ་པའི་འགོ་འཛིན་བྱས་ནས་ཧྲི་ཤོག་ལྔ་པ། དྲུག་པ། དགུ་པ། དོན་དགུ་པ་དང་བཅས་པའི་ཧྲི་ཤོག་བཞི་ལ་བཀོད་འདོམས་བྱས་ནས་ཅིན་ཞི་ནས་ལི་ཁྲོན་དུ་ཆས་ཏེ་ང་ཚོའི་མདུན་ཕྱོགས་ལ་ཚུར་རྒོལ་བྱས་ནས་རང་རེའི་གཙོ་ཤུགས་དམར་དམག་ཅན་ཉིན་དང་ལི་ཁྲོན་ས་ཁུལ་དུ་འགོག་པར་དམིགས་པ་དང་།

ཝུའུ་ཆི་ཝེས་གཞུང་སྒྲིག་རུ་ཁག་གཉིས་པའི་འགོ་འཛིན་བྱས་ནས་ཧྲི་ཤོག་བཅུ་བཞི་པ། བཅུ་པ། དགུ་བཅུ་པ་དང་བཅས་ཧྲི་ཤོག་གསུམ་ལ་བཀོད་འདོམས་བྱས་ཏེ་ནན་ཁྲེང་དང་ནན་ཧྥེང་ནས་ཁང་ཏུའུ་ལ་བསྐྱོད་དེ་རང་རེའི་ལི་ཁྲོན་དང་། ཅན་ཉིན་དང་། ཐའེ་ཉིན་ལ་ཟུར་ནས་གཞོགས་རྒོལ་བྱས་ཏེ་རང་དམག་གི་ལྡོག་ལམ་གཅོད་དགོས་སྙམ་པ།

ལུའོ་ཀྲུའོ་དབྱིན་གྱིས་གཞུང་སྒྲིག་རུ་ཁག་དང་པོའི་འགོ་འཛིན་བྱས་ནས་ཧྲི་ཤོག་བཅུ་གཅིག་པ། ང་གཉིས་པ། ང་དགུ་པ་དང་བཅས་པའི་ཧྲི་ཤོག་གསུམ་ལ་བཀོད་འདོམས་བྱས་ཏེ་དབྱི་ཧོང་དང་ལེ་ཨན་ནས་ཉིན་ཏུའུ་དང་ཀོང་ཁྲང་དུ་ལྷགས་ཏེ་རང་རེའི་གཙོ་ཤུགས་དམར་དམག་གི་ལྡོག་ལམ་བཅད་ཐོག སུའུ་ཝེ་ཨེད་ས་ཁུལ་〔1〕དུ་འཛུལ་ནས་ང་ཚོའི་རྒྱབ་ཕྱོགས་ལ་འཇབ་རྒོལ་བྱེད་རྒྱུ་བཅས་རེད།

འཐབ་ཇུས་ཐད་ཀྱི་འཆར་གཞི་གསར་པ་འདི་ནི་རང་རེས་ལི་ཁྲོན་དང་། ཅན་ཉིན་དང་། ཐའེ་ཉིན་གྱི་སུའུ་ཝེ་ཨེད་ས་ཁུལ་གསར་པ་རྒྱ་བསྐྱེད་དུ་བཏང་བར་རྒྱལ་ཁ་ཐོབ་པ་ལས་བྱུང་བའི་འབྲས་བུ་ཡིན་ཞིང་། དགྲ་བོས་བལྟས་ན་འཐབ་ཇུས་ཐོག་དཔུང་བགོས་རུབ་འཛིང་གིས་རང་རེའི་སུའུ་ཝེ་ཨེད་ས་ཁུལ་གསར་པར་འཇབ་རྒོལ་བྱས་ན་དམིགས་བསལ་གྱི་ཕན་པ་ཡོང་ཐུབ་སྙམ་པ་རེད།

རང་རེའི་གཙོ་ཤུགས་དམར་དམག་གིས་ལི་ཁྲོན་ནས་ནན་ཧྥེང་ལ་ཕར་རྒོལ་བྱས་ཀྱང་དགྲ་བོས་འཐབ་ཇུས་སྔར་བཞིན་མ་བསྒྱུར། རང་རེའི་གཙོ་ཤུགས་དམག་ནན་ཧྥེང་ནས་ཕྱིར་འཐེན་〔4〕རྗེས། དམར་དམག་ཅུན་ཤོག་བཅུ་གཅིག་པས་ཞིན་ཧྥེང་ཅེ་ནས་གཙང་པོ་བརྒལ་ཏེ་ལི་ཁྲོན་དུ་དགྲ་བོའི་གཞུང་སྒྲིག་རུ་ཁག་གསུམ་པ་བཀག་སྐྱིལ་བྱས་ཐོག་གཞུང་སྒྲིག་རུ་ཁག་གཉིས་པ་མགོ་འཐོམ་དུ་བཅུག་ནས་སྔར་བཞིན་དགྲ་བོ་ཁང་ཏུའུ་ཕྱོགས་སུ་སླུ་ཁྲིད་བྱེད་རྒྱུའི་འགན་ཁུར་བ་དང་སྦྲགས་རང་རེའི་གཙོ་ཤུགས་དམག་ཀོང་ཁྲང་དང་ལུའོ་ཁོའུ་ནུབ་ཕྱོགས་སུ་བསྐྱོད་ཀྱང་། དགྲ་བོས་ད་དུང་ང་ཚོའི་བྱ་སྤྱོད་གསལ་པོ་མི་ཤེས་པས་སྔར་གཏན་ལ་ཕབ་པའི་འཐབ་ཇུས་མ་བསྒྱུར།

ང་ཚོས་དུས་དེ་རང་ལ་གཙོ་ཤུགས་དམག་དཔུང་ནུབ་ཕྱོགས་སུ་བསྐྱོད་ནས་དགྲ་བོའི་གཙོ་ཤུགས་གཞུང་སྒྲིག་རུ་ཁག་དང་པོའི་ཧྲི་ཤོག་གསུམ་འཕྲལ་མར་གཏོར་རྩིས་བྱས་པ་ཡིན་ཏེ། དགྲ་དམག་དེ་ནི་རང་དམག་ལ་འཇིགས་སྐུལ་ཆེ་ཤོས་ཀྱི་གཞུང་སྒྲིག་རུ་ཁག་ཅིག་ཡིན་པས་ཏུང་པི་དང་ཧོང་པིའི་ཕྱོགས་སུ་དཔུང་འཇུག་གིས་དགྲ་དམག་དེ་དང་གདོང་ཐུག་དམག་འཐབ་བྱེད་རྒྱུའི་སེམས་ཐག་གཙང་མར་བཅད་པ་ཡིན།

ཟླ་2ཚེས་27ཉིན་རང་རེའི་ངོས་ཕྱོགས་དཔུང་ཚོགས་ཀྱིས་དགྲ་བོ་དོགས་ཟོན་མེད་པར་བསྡད་ཡོད་པའི་སྐབས་དང་བསྟུན་ནས་ཏེང་ཞན་ཆའོ་དང་། མོ་ལུའོ་ཀྲང་དང་། ཧོ་ཡོན་དང་། ཧོང་པི་སོགས་ས་གནས་སོ་སོར་ཧྲི་ཤོག་ང་གཉིས་པ་དང་ང་དགུ་པ་གཉིས་ལ་འཇབ་རྒོལ་བྱས་ནས་ཧྲི་ཤོག་ང་གཉིས་པ་རྩ་མེད་དུ་བཏང་བ་དང་ཧྲི་ཤོག་ང་དགུ་པའི་མདའ་ཤོག་བཞི་རྩ་མེད་དུ་བཏང་བ་དང་། དགྲ་དམག་གི་ཧྲི་དཔོན་གཉིས་〔5〕བཟུང་སྟེ་སྔར་བྱུང་མ་མྱོང་བའི་རྒྱལ་ཁ་རླབས་ཆེན་ཐོབ་པ་རེད།

རྒྱལ་ཁ་འདི་ཐོབ་པའི་རྐྱེན་གྱིས་དགྲ་བོའི་དཀྱིལ་ཕྱོགས་དམག་གི་འཐབ་ཇུས་འཕྲལ་དུ་བསྒྱུར་ཏེ་གཞུང་སྒྲིག་རུ་ཁག་གཉིས་པ་དང་གསུམ་པ་གཉིས་ནི་དབྱི་ཧོང་ཕྱོགས་ལ་དཔུང་སྣོན་བྱེད་མཁན་དཔུང་ཁག་ཏུ་བསྒྱུར་ནས་དགྲ་དམག་དབྱི་ཧོང་དུ་སླེབས་དུས་རང་རེའི་ངོས་ཕྱོགས་དཔུང་ཚོགས་ལ་རྒྱལ་ཁ་ཐོབ་ནས་ཕྱིར་འཐེན་ཟིན་པས། དགྲ་བོས་བསྐྱར་དུ་ཚུར་རྒོལ་གྱི་འཆར་གཞི་བཟོ་དགོས་བྱུང་།

འཆར་གཞི་གསར་པ་ནི་འདི་ལྟ་སྟེ།

གཞུང་སྒྲིག་དཔུང་ཁག་གསུམ་པོ་གཞུང་སྒྲིག་དཔུང་ཁག་གཉིས་སུ་བསྡུས་པ་དང་དཔུང་བགོས་རུབ་འཛིང་གི་འཐབ་ཇུས་དེ་གཞུང་སྒྲིག་དཔུང་ཁག་གཉིས་མཉམ་སྐྱོད་ཀྱིས་དཀྱིལ་ཚད་ནས་གཏོར་བའི་འཐབ་ཇུས་སུ་བསྒྱུར།

ལུའོ་ཀྲུའོ་དབྱིན་གྱིས་སྔར་བཞིན་གཞུང་སྒྲིག་དཔུང་ཁག་དང་པོའི་འགོ་འཛིན་བྱས་ནས་ཧྲི་ཤོག་བཅུ་གཅིག་པ། ལྔ་པ། དགུ་པ་དང་བཅས་པའི་ཧྲི་ཤོག་གསུམ་ལ་བཀོད་འདོམས་བྱས་ནས་གཞུང་སྒྲིག་རུ་ཁག་ཕྱི་མ་བྱས།

ཝུའུ་ཆི་ཝེས་སྔར་བཞིན་གཞུང་སྒྲིག་རུ་ཁག་གཉིས་པའི་འགོ་འཛིན་བྱས་ནས་ཧྲི་ཤོག་བཅུ་བཞི་པ། བཅུ་པ། དགུ་བཅུ་པ་དང་བཅས་ཧྲི་ཤོག་གསུམ་ལ་བཀོད་འདོམས་བྱས་ནས་གཞུང་སྒྲིག་རུ་ཁག་སྔ་མ་བྱས།

ཧྲི་ཤོག་དོན་དགུ་པས་དབྱི་ཧོང་ས་སྲུང་དང་ཧྲི་ཤོག་དྲུག་པས་ཧྥུ་ཀྲོའུ་ས་སྲུང་བྱས་ཤིང་། འཆར་གཞི་གསར་པ་ལག་བསྟར་དངོས་སུ་བྱས་ཏེ་ཏུང་པི་དང་ཧོང་པི་ནས་རྡོག་ཐོན་ཏེ་ཞིན་ཧྥེང་ཧྲི་དང་ཀན་ཀྲུའུ་བརྒྱུད་ནས་ཤར་རེར་ཀོང་ཁྲང་ལེན་རྒྱུ་བྱས་པ་རེད།

གཞུང་སྒྲིག་རུ་ཁག་སྔ་མ་དང་ཕྱི་མ་གཉིས་ཀྱི་ཧྲི་ཤོག་དྲུག་པོ་མཉམ་དུ་དཔུང་སྐྱོད་བྱས་པས་ཉིན་ལམ་གསུམ་ལྷག་གི་སར་བསྲིངས་ཡོད་པ་དེར་དགྲ་བོས་ཡིད་འཇོག་ཡེ་ནས་མ་བྱས་པར་དཀྱིལ་ནས་རང་རེའི་དམར་དམག་གི་འཐབ་ཕྱོཊ་གཤགས་ནས་ཀོང་ཁྲང་བླངས་ཏེ་ཆབ་སྲིད་ཐོག་རང་ལ་ཕན་པ་ཡོང་རེ་བྱས་པ་དང་ཀོང་ཏུང་དང་ཧྥུ་ཅན་གཡས་རུ་དང་གཡོན་རུའི་དཔུང་ཁག་གཉིས་ཅིག་ཅར་དུ་དཔུང་འཇུག་གིས་དམར་དམག་མཐའ་ནས་སྐོར་རྒྱུའི་འཆར་གཞི་བསྒྲུབ་དགོས་པའི་རེ་ངན་ཁོ་ན་བཅངས་པ་རེད།

ང་ཚོའི་འཐབ་ཇུས་ནི་རེ་རེ་བཞིན་གཏོར་རྒྱུ་དེ་རྩ་དོན་དུ་བཟུང་སྟེ་དམར་དམག་ཅུན་ཤོག་བཅུ་གཅིག་པས་དགྲ་བོའི་སྔོན་སྐྱོད་གཞུང་སྒྲིག་རུ་ཁག་ཤར་ཕྱོགས་སུ་སྐྱོད་པ་བཀག་སྐྱིལ་དང་སླུ་ཁྲིད་བྱས་ནས་ཧྲི་ཤོག་བཞི་མདུན་ན་ལྷགས་རྗེས་དགྲ་བོའི་གཞུང་སྒྲིག་རུ་ཁག་ཕྱི་མའི་ཧྲི་ཤོག་གཉིས་(ཧྲི་ཤོག་བཅུ་གཅིག་པ་དང་ཧྲི་ཤོག་དགུ་པ་)ཀྱི་ལམ་གཅད་རྒྱུ་དེ་ཡིན་ཞིང་། ཟླ་3ཚེས་21ཉིན་དགྲ་བོའི་སྔོན་སྐྱོད་དམག་དཔུང་ཀན་ཀྲུའུ་ལ་སླེབས་ནས་རྒྱབ་སྐྱོད་དམག་དཔུང་དང་ལེ་དབར་དགུ་བཅུའི་ལམ་ཐག་བསྲིངས་པས་དཔུང་རོགས་བྱེད་ཐབས་མེད་པའི་དུས་སུ། རང་རེའི་དམར་དམག་གིས་ཏུང་པི་དང་། ཚའོ་ཐའེ་ཀང་དང་། ཧོང་པོ་ཧྲན་དང་། ཕི་ལི་ཧྲན་སོགས་ཀྱི་ས་གནས་སུ་དགྲ་བོའི་ཧྲི་ཤོག་བཅུ་གཅིག་པ་མང་ཆེ་བ་རྩ་མེད་དུ་བཏང་ནས་མདའ་ཤོག་གཅིག་གི་མི་ལས་ལྷག་མེད་པ་དང་། ཧྲི་ཤོག་དགུ་པའི་ཉུང་ཤས་རྩ་མེད་དུ་བཏང་བ། ཧྲི་ཤོག་ང་དགུ་པའི་ལྷག་འཕྲོ་རྣམས་ཀྱང་རྦད་དེ་རྩ་མེད་དུ་བཏང་ཡོད། ཉིན་དེའི་མཚན་མོར་དགྲ་བོའི་ལྷག་འཕྲོ་མུན་པ་དང་བསྟུན་ནས་ཧོང་པིར་བྲོས་སོང་བ་དང་དགྲ་བོའི་སྔོན་སྐྱོད་གཞུང་སྒྲིག་རུ་ཁག་ཀྱང་ནན་ཧྥེང་ལ་ཕྱིར་འཐེན་དགོས་བྱུང་བས་ཚུར་རྒོལ་གྱི་འཆར་གཞི་གཉིས་ཀ་ངལ་བ་འབྲས་མེད་དུ་སོང་སྟབས། ང་ཚོར་ཏུང་པིའི་གཡུལ་འགྱེད་ཀྱི་རྒྱལ་ཁ་བསྟུད་མར་ཐོབ་པ་རེད།

གཉིས་པ། བྱ་སྤྱོད་རླུང་ལྟར་མྱུར་བ། གསང་བ་ཆེ་བ། བློ་ཐག་ཆོད་པོ་དང་བཅས་པའི་དམར་དམག་གི་འཐབ་རྩལ་གྱི་རྩ་དོན་གཙོ་བོ་དེ་ད་རེས་ཀྱི་གཡུལ་འགྱེད་ནང་ལག་ལེན་ཡག་པོ་བྱུང་ཚུལ་སྐོར།

ནན་ཧྥེང་ནས་ཕྱིར་འཐེན་རྗེས། དམར་དམག་ཅུན་ཤོག་བཅུ་གཅིག་པ་ཤར་ཕྱོགས་སུ་བསྐྱོད་ནས་དགྲ་བོ་བསླུས། རང་དམག་དུས་བཀག་ལྟར་འབྱོར་རྗེས། དགྲ་བོས་ང་ཚོའི་གཙོ་ཤུགས་དམག་ནི་ཤར་གྱི་ལི་ཁྲོན་དུ་སྤོ་སྐྱོད་བྱས་པ་རེད་སྙམ། དོན་དངོས་སུ་རང་རེའི་གཙོ་ཤུགས་དམག་དང་པོ་ལྷོ་ཕྱོགས་སུ་བསྐྱོད་པ་དང་དེ་ནས་ནུབ་ཕྱོགས་སུ་འགྲིམས་ཏེ་བྱ་འཕུར་བ་ལྟར་དམིགས་ཡུལ་དུ་སླེབས་ཡོད། མཐའ་མཚམས་ས་ཁུལ་དུ་དགྲ་བོས་རང་རེའི་གཙོ་ཤུགས་དམག་གི་སྡོད་གནས་གར་ཡོད་གཏན་ནས་མ་ཤེས་པས། མི་འབོར་ཁྲི་ཕྲག་དུ་མའི་དམར་དམག་གིས་རྒྱ་ཁྱོན་ཆེ་བའི་བྱ་སྤྱོད་སྤེལ་ནས་དགྲ་བོ་དོགས་སྣང་མེད་པར་བསྡད་ཡོད་པའི་སྐབས་དང་བསྟུན་ནས་འཇབ་རྒོལ་བྱེད་ཐུབ་པ་དེ་ནི་གསང་བ་དམ་པོར་བསྲུངས་པའི་ར་འཕྲོད་ཡོད་ལ་དམག་དཔུང་ཆེན་པོས་འཇབ་རྒོལ་བྱེད་པའི་དམག་རྒྱག་སྟངས་ཀྱི་མ་དཔེ་ཞིག་ཀྱང་གསར་གཏོད་བྱས་པ་རེད། འཐབ་འཛིང་པ་དམར་པོ་རྣམས་སྔར་ལས་སེམས་ཐག་ཆོད་པོར་གྱུར་ཅིང་། དགྲ་བོ་དང་ཐུགས་འཕྲལ་ཚང་མས་དཔའ་ངར་ཆེ་ཞིང་ཞུམ་པ་མེད་པར་གདོང་མཆོང་ཡང་ཡང་བྱས་པ་དང་གྲི་འཛིང་ཐེངས་བཅུ་གྲངས་བྱས་ནས་ཤར་རེར་ཡང་རྩེར་འཛེགས་ཏེ་རེ་ཞིག་ལ་ཐོགས་པ་མེད་པར་དགྲ་བོ་ཚར་བཅད་པ་དེ་ནི་དམར་དམག་གི་འཐབ་རྩལ་ཐོག་དམག་རྒྱག་སྟངས་ཀྱི་མ་དཔེ་ལེགས་ཤོས་ཡིན།

གསུམ་པ། ངེས་མེད་རྒོལ་རྡུང་རུ་ཁག་དང་རང་ཚུགས་ཧྲི་ཤོག རང་ཚུགས་མདའ་ཤོག ས་གནས་ཀྱི་ལས་ཀ་བཅས་ཀྱིས་དམར་དམག་དང་གཞོགས་འདེགས་ཀྱིས་དམག་རྒྱག་རྒྱུའི་ཐད་ལ་བྱས་རྗེས་ཧ་ཅང་ཆེན་པོ་ཐོབ་ཚུལ་སྐོར།

རང་དམག་གིས་ངེས་མེད་རྒོལ་རྡུང་དམག་འཁྲུག་སྤེལ་རྒྱུར་དོ་སྣང་ཧ་ཅང་ཆེན་པོ་བྱས་ཡོད་པར་མ་ཟད། བྱས་རྗེས་ཀྱང་ཧ་ཅང་ཆེན་པོ་ཐོབ་ཡོད། རང་ཚུགས་ཧྲི་ཤོག་ལྔ་པས་དེ་བས་རྒྱ་ཆེ་བའི་བྱ་སྤྱོད་སྤེལ་གྱི་ཡོད་ལ་རང་ཚུགས་ཧྲི་ཤོག་བཞི་པ་དང་། དབྱི་ཧོང་། ལེ་ཨན། ཡུང་ཧྥེང་། ནན་ཀོང་བཅས་སུ་ཡོད་བའི་རང་ཚུགས་མདའ་ཤོག་ཁག་དང་ངེས་མེད་རྒོལ་རྡུང་རུ་ཁག་ཆུང་ངུ་སོ་སོ་ཚང་མས་བྱ་སྤྱོད་སྣ་ཚོགས་སྤེལ་ཏེ་དགྲ་བོའི་འགྲུལ་ལམ། ཟམ་པ། དམག་དཔུང་གི་ཉེར་མཁོ་སོགས་གཏོར་བ་དང་། དགྲ་བོ་མགོ་ཐོམ་དུ་འཇུག་པ། དགྲ་བོར་འཇིགས་སྣང་སྡིགས་མོ་སྐུལ་བ་ལ་སོགས་པའི་ཐད་ལ་བྱས་རྗེས་ཧ་ཅང་ཆེན་པོ་བཞག་ཡོད། དམར་དམག་ཅུན་ཤོག་ཉེར་གཉིས་པ་བྱང་ཕྱོགས་སུ་ཕྱིན་རྗེས་ངེས་མེད་རྒོལ་རྡུང་དམག་འཁྲུག་གིས་གཙོ་ཤུགས་དམར་དམག་དང་གཞོགས་འདེགས་ཀྱིས་དགྲ་ལ་ཕར་རྒོལ་བྱེད་པ་དེ་ཡར་རྒྱས་སྔར་ལས་ལྷག་པ་བྱུང་ཡོད།

ཏུང་པི་དང་ཧོང་པིར་དམག་རྒྱག་པའི་སྔོན་རྗེས་སུ། ངེས་མེད་རྒོལ་རྡུང་རུ་ཁག་སོགས་ཀྱིས་ནུས་པ་ཧ་ཅང་ཡག་པོ་བཏོན་ཡོད་དེ། དགྲ་བོའི་ཧྲི་ཤོག་ང་གཉིས་པ་དང་ང་དགུ་པ་གཉིས་ལེ་ཨན་ནས་རྡོག་ཐོན་སྐབས་མདུན་རྒྱབ་ལོགས་གསུམ་དུ་རང་རེའི་ངེས་མེད་རྒོལ་རྡུང་རུ་ཁག་ཆུང་ངུ་མང་པོས་མཐའ་ནས་བསྐོར་ཡོད་ཅིང་། རང་རེའི་གཙོ་ཤུགས་དམག་གིས་འཇབ་རྒོལ་བྱེད་དུས་དགྲ་བོས་དེའང་ངེས་མེད་རྒོལ་རྡུང་རུ་ཆུང་ཡིན་ནོ་སྙམ་པའི་བསམ་ནོར་བྱུང་བས་གཙོ་ཤུགས་དམར་དམག་ལ་དགྲ་བོ་རྩ་མེད་དུ་གཏོང་བའི་གྲུབ་འབྲས་ཐོབ་པ་རེད།

དམག་རྒྱག་དུམ་རང་རེའི་ངེས་མེད་རྒོལ་རྡུང་རུ་ཁག་སོགས་ཀྱིས་དགྲ་བོའི་རྒྱབ་དང་ཟུར་ནས་རྒོལ་བས་དགྲ་དམག་བཟུང་བ་དང་། མེ་མདའ། མེ་སྒྱོགས། མདེའུ། རང་འགུལ་མེ་མདའ་སོགས་ཐོབ་སྟེ་དགའ་སྤྲོ་དཔག་མེད་སྐྱེས་འདུག དགྲ་ཕྱོགས་དེ་ལས་ལྡོག་སྟེ་ཧ་ཅང་དངངས་ནས་དམག་མཇུག་འགྲིལ་ཟིན་པའི་རྗེས་སུ་ངེས་མེད་རྒོལ་རྡུང་རུ་ཁག་དང་ཐུག་དུས་དེའང་གཙོ་ཤུགས་དམར་དམག་ཡིན་པར་དོགས་ཏེ་གོམ་པ་རེ་རེར་འགོག་སྲུང་དང་། ཉིན་རེ་བཞིན་བྱེས་སུ་དམག་སྒར་བརྒྱབ་ནས་བསྡད་ཡོད་པ། དམག་ས་བཟུང་བ་བཅས་ལ་བྲེལ་ཏེ་ངལ་དུབ་ཀྱིས་མནར་བའི་སྐབས་དེར་ངེས་མེད་རྒོལ་རྡུང་རུ་ཁག་གི་བྱ་སྤྱོད་སྔར་ལས་འཁྲུག་པོ་བྱུང་ཡོད།

དམག་ཁུལ་དང་ས་གནས་ཀྱི་དམར་སྒྱུར་ལས་ཀར་བྱས་རྗེས་ཆེན་པོ་རང་ཐོབ་མེད་ནའང་ལས་ཀ་གང་འཚམ་བྱས་ཡོད་ཅིང་མང་ཚོགས་རྣམས་ང་ཚོའི་ཕྱོཊ་སུ་ལངས་ཡོད། ཏུང་པི་དང་ཧོང་པི་གཉིས་ནི་དབྱི་ཧོང་རྫོང་གི་སུའུ་ཝེ་ཨེད་དང་རང་ཚུགས་མདའ་ཤོག་གིས་བཟུང་ཡོད་པས་གསང་བ་ཕྱིར་འཕྱར་མི་ཐུབ་པ་དང་ཐག་གཅོད་དམག་འཐབ་ཀྱི་ས་ཁོངས་སུ་དམར་དམག་ལ་དཀའ་ངལ་བཟོ་མཁན་ལོག་སྤྱོད་སྟོབས་ཤུགས་མེད་སྟབས་དམར་དམག་ལ་མཐུན་རྐྱེན་འདི་དག་བྱུང་།

བཞི་པ། བབ་བསྟུན་ཐག་གཅོད་བྱེད་པའི་རང་འགུལ་གྱི་རང་བཞིན་ད་དུང་བྱུང་མེད་པའི་སྐོར།

ཧོང་པིའི་གཡུལ་འགྱེད་བྱེད་དུས་ང་ཚོས་གཙོ་ཤུགས་དམག་ལ་གཡུལ་ས་གཡོན་ངོས་ནས་དགྲ་ལ་རྒོལ་ནས་གཡས་ངོས་སུ་དེད་དེ་འཕྲལ་མར་དགྲ་བོའི་ཧྲི་ཤོག་ང་གཉིས་པ་ཚར་བཅད་རྗེས་སྟུད་མར་ཧྲི་ཤོག་ང་དགུ་པ་རྩ་མེད་དུ་གཏོང་དགོས་པ་དང་། དེ་ནས་རིམ་གྱིས་གཡོན་ནས་གཡས་ཕྱོགས་སུ་བསྐྱོད་དེ་དབྱི་ཧོང་ནས་ཡོང་བའི་དགྲ་སྡེའི་དཔུང་རོགས་ལ་རྡུང་རྡེག་བྱས་ནས་ཞའོ་ཆན་གྱི་ཧྲི་ཤོག་བཅུ་གཅིག་པ་རྨེག་མེད་དུ་གཏོང་དགོས་པའི་བཀའ་ཕབ་པ་ཡིན། ང་ཚོའི་ བསམ་ཚུལ་དེ་འོག་ལ་གསལ་པོར་བཤད་ཡོད་མོད། འོན་ཀྱང་ཚེས་27ཉིན་རང་རེའི་གཙོ་ཤུགས་དམག་གིས་དགྲ་བོ་དང་དམག་རྒྱག་དུས་ཧྲི་ཤོག་ང་གཉིས་པ་ཁག་གཅིག་རྩ་མེད་དུ་བཏང་བ་དང་སྦྲགས་ཧྲི་དཔོན་ཀྱང་འཛིན་བཟུང་བྱས་པ་དང་། ཚེས་28ཉིན་གྱི་སྔ་དྲོའི་ཆུ་ཚོད་དགུ་པར་དམག་འཁྲུག་མཇུག་འགྲིལ་ཏེ་དགྲ་བོའི་ཧྲེ་ཤོག་ང་གཉིས་པའི་མདའ་ཤོག་གཅིག་པུ་ཏ་ཏྭ་ཧྲན་དུ་འཐེན་ཀྱང་། དེ་ནི་རང་དམག་ཅུན་ཤོག་ཉེར་གཅིག་པའི་སྐོར་བའི་ནང་དུ་ཚུད་ཡོད། སྐབས་དེར་གལ་སྲིད་གོང་རིམ་གྱི་བསམ་ཚུལ་དང་བབ་བསྟུན་གྱིས་མགྱོགས་མྱུར་ངང་གཙོ་ཤུགས་དམག་ཁག་གཅིག་གིས་གཡས་ཕྱོགས་ཀྱི་དགྲ་བོའི་གཡས་རྒྱབ་ནས་འཇབ་རྒོལ་བྱས་ན་ཚེས་28ཉིན་གཡས་ཕྱོགས་སུ་ཡོད་པའི་དགྲ་བོ་མ་ལུས་པར་ཚར་གཅོད་ཐུབ་པར་མ་ཟད། ཟླ་3ཚེས་1ལ་དགྲ་བོའི་ཧྲི་ཤོག་བཅུ་གཅིག་པར་རྒོལ་ལན་སྤྲོད་དུས་ཀྱང་རང་ལ་ཕན་ཐོགས་ཤིན་ཏུ་ཆེན་པོ་ཡོང་ངེས་ཡིན། ཡིན་ནའང་རང་རེའི་གཙོ་ཤུགས་དམག་ནས་ཏ་ཧྭ་ཧྲན་བཟུང་བའི་དགྲ་དམག་གི་མདའ་ཤོག་དེ་གཏོར་མཁན་ཅུན་ཤོག་ཉེར་གཅིག་པར་རོགས་དམག་ཁག་གཅིག་ལས་བཏང་མེད་པདང་དེ་བྱིངས་ཚང་མ་གཅིག་སྡུད་ཀྱིས་བཀའ་སྒུག་ཏུ་བཅུག་ཡོད། རང་རེའི་གཙོ་ཤུགས་དམག་ཁག་གཞན་ཞིག་གིས་བབ་བསྟུན་ཐག་གཅོད་བྱས་ནས་དགྲ་བོར་འདེད་རྡུང་བྱས་ཏེ་གཡས་ཀྱི་འཐབ་ཕྱོགས་སུ་ལྷགས་ནས་དོན་དངོས་ཐོག་རང་རེའི་གཡས་རུའི་དམག་ལ་རོགས་སྐྱོར་བྱས་མོད། འོན་ཀྱར་ཞི་ཡོན་དུ་ཡོད་པའི་ཧྲི་ཤོག་ང་དགུ་པའི་མདའ་ཤོག་གཅིག་དང་། སྐུད་མེད་གློག་འཕྲིན་རུ་ཁག དམག་མཁོ་ཁྲུའུ་བཅས་ཀྱི་དགྲ་ལྷག་རྣམས་རྩ་མེད་དུ་བཏང་མེད་པར་དམག་དཔུང་གི་སྣེ་ཁྲིད་དེ་ཕྱིར་ལྡོག་ནས་ལམ་བར་དུ་ཕར་འགྲོ་ཚུར་འོང་བྱས་པའི་རྐྱེན་གྱིས་དགྲ་སྡེར་རྒོལ་བའི་གོ་སྐབས་བཟང་པོ་དེ་དོན་མེད་དུ་ཤོར།

ཟླ་3ཚེས་1ལ་རང་རེའི་ངོས་ཕྱོགས་དཔུང་ཚོགས་ཀྱིས་དགྲ་བོའི་ཧྲི་ཤོག་གཉིས་རྩ་མེད་དུ་བཏང་རྗེས། དགྲ་བོའི་ཧྲི་ཤོག་བཅུ་གཅིག་པ་གཞི་ནས་ཧོ་ཁོའུ་རུ་སླེབས་ནས་ཧོ་ཡོན་ཕྱོགས་ལ་དཔུང་རོགས་བྱེད་པའི་སྐབས་དེ་ནི་དགྲ་བོའི་ཧྲི་ཤོག་བཅུ་གཅིག་པ་རྩ་མེད་དུ་གཏོང་རྒྱུའི་གོ་སྐབས་བཟང་པོ་ཡིན་མོད། འོན་ཀྱང་རང་རེའི་གཙོ་ཤུགས་དམག་གིས་བབ་བསྟུན་གྱིས་འཕྲལ་ཐག་བཅད་དེ་སྔོན་ལ་དཔུང་སྡེ་གཡས་ཕྱོགས་དམག་སར་སྤོ་སྐྱོད་བྱེད་མ་ཐུབ་པའི་ཁར། སྐུད་མེད་གློག་འཕྲིན་ཐོག་ནས་བཏང་བའི་ཟླ་3ཚེས་1ཉིན་གྱི་སྔ་དྲོ་ཆུ་ཚོད་བཅུ་གཅིག་ལ་ཧྲི་ཤོག་བཅུ་གཅིག་པར་ཕྱོགས་ཀུན་ནས་ཕར་རྒོལ་བྱེད་དགོས་པའི་བཀའ་ཡང་ཕྱི་དྲོ་ལས་མ་འབྱོར་བས་གོ་སྐབས་དེ་ཤོར་ཏེ་ཕྱོགས་ཀུན་ནས་ཕར་རྒོལ་བྱེད་རྒྱུའང་ལག་ལེན་དུ་བསྟར་མ་ཐུབ་ཅིང་། དགྲ་བོའི་དཔུང་རོགས་གཞུང་སྒྲིག་དཔུང་ཚོགས་གཉིས་པ་དང་གསུམ་པ་ཚེས་2ཉིན་ཧོ་ཁོའུ་ཡི་ཉེ་འདབས་སུ་སླེབས་ཤིང་། ང་ཚོས་ཕར་རྒོལ་བྱེད་ཐབས་མེད་པས་ཕྱིར་འཐེན་མི་བྱེད་ཀ་མེད་བྱུང་།

གཡུལ་འགྱེད་དེ་ལས་བྱུང་བའི་བསླབ་བྱ་ནི། ང་ཚོས་བཀའ་རྒྱ་ལག་ལེན་མཐའ་གཅིག་ཏུ་བསྟར་ཐུབ་པ་ནི་ཉེ་ལམ་གྱི་ཡར་རྒྱས་ཡིན་མོད། འོན་ཀྱང་རིམ་པ་ཁག་གི་བཀོད་འདོམས་པ་རྣམས་ཀྱིས་གོང་རིམ་གྱི་བསམ་ཚུལ་ལྟར་བབ་བསྟུན་ཐག་གཅོད་དར་སྤེལ་ཆེས་ཆེར་བྱས་ནས་ལས་འགན་ཡོངས་སུ་བསྒྲུབ་མ་ཐུབ་པ་དེ་ནི་ཞན་ཆ་རེད།

བཀའ་ལ་ཉན་པ་དང་བབ་བསྟུན་ཐག་གཅོད་བྱེད་རྒྱུ་དེ་གཉིས་འགལ་ཟླ་མིན་ཞིང་། བབ་བསྟུན་ཐག་གཅོད་བྱེད་རྒྱུ་དེ་བཀའ་དང་འགལ་བ་རེད་བསམ་མི་རུང་ལ། བཀའ་རྣམས་རེངས་པོར་ལག་ལེན་བསྟར་བ་ལས་བབ་བསྟུན་ཐག་གཅོད་བྱེད་རྒྱུ་དེ་འདོར་མི་རུང་། དམར་དམག་གིས་ལབ་གླེང་མེད་པར་བཀའ་ལག་ལེན་དུ་བསྟར་བ་དང་ཆབས་ཅིག་ཏུ་བབ་བསྟུན་ཐག་གཅོད་བྱེད་རྒྱུའི་རང་འགུལ་གྱི་རང་བཞིན་ཡོད་པ་བྱེད་དགོས་ཞེས་དམག་འཐབ་ཀྱི་བཀའ་བཅད་དང་བྱེས་འཐབ་བཀའ་བཅད་ཀྱི་ནང་ཡང་ཡང་གསལ་པོར་བཤད་ཡོད། ང་ཚོས་ཐེངས་འདིའི་བསླབ་བྱ་དཔྱད་གཞིར་བཟུང་ནས་ཡོངས་སུ་རྒྱལ་ཁ་ཐོབ་རྒྱུར་བརྩོན་ལེན་བྱེད་དགོས།

ཏུང་པིའི་གཡུལ་འགྱེད་བྱེད་དུས་ཀྱང་དེ་དང་མཚུངས་ཏེ་བབ་བསྟུན་ཐག་བཅད་ཀྱིས་དམག་རྒྱག་མ་ཐུབ་པས། དགྲ་བོའི་ཧྲི་ཤོག་བཅུ་གཅིག་པ་ཡོངས་རྫོགས་སྲན་ཕུང་ལྟར་གཏོར་ཏེ་མང་ཆེ་བས་མགོ་བཏགས་པ་དང་། ཧྲི་ཤོག་ང་དགུ་པའི་མདའ་ཤོག་གཅིག་ཀྱང་བྲོས་དམག་གིས་དཀྲུགས་ནས་ཐོར་ཞིག་ཏུ་སོང་སྟེ་ཁག་གཅིག་གིས་རང་དམག་ལ་མགོ་བཏགས། དཔུང་རོགས་ལ་ཡོང་བའི་དགྲ་བོའི་ཧྲི་ཤོག་དགུ་པའི་མདའ་ཤོག་གཅིག་ཀྱང་ཐོར་ཞིག་ཏུ་སོང་ནས་རང་དམག་ལ་མགོ་བཏགས་པའི་གནས་ཚུལ་དེ་འདྲའི་འོག་དགྲ་བོ་དངངས་ནས་ཟི་ལིང་དགུ་ལིང་དུ་གྱུར་ཡོད་མོད་ཀྱང་། རང་རེའི་གཡུལ་ས་མདུན་མའི་བཀོད་འདོམས་པས་བབ་བསྟུན་ཐག་གཅོད་ཀྱིས་བྲོས་བྱོལ་དུ་སོང་བའི་དགྲ་དམག་ཁག་དེར་འདེད་རྡུང་དང་། བཀག་རྡུང་། འཇིགས་སྐུལ་སོགས་བྱེད་མ་ཐུབ། དགྲ་བོས་མཚན་མོའི་མུན་པ་དང་བསྟུན་ནས་ཕྱིར་བཤོལ་བྱས་ཀྱང་ལམ་ན་དཀའ་ངལ་ཧ་ཅང་ཆེན་པོ་ཡོད་པའི་སྐབས་སུའང་མེ་མདའ་འཕངས་ནས་ཟིང་ཆ་བསླངས་མེད་པ་དང་། དམག་དཔུང་བཏང་ནས་འདེད་རྡུང་བྱས་ཏེ་དགྲ་སྡེ་ཡོངས་སུ་གཏོར་རྒྱུ་མ་བྱུང་བའི་ཕྱིར་རང་རེའི་དམག་ཤུགས་ཉུང་བས་དགྲ་བོ་མང་པོ་རྩ་མེད་དུ་གཏོང་ཐུབ་པའི་གོ་སྐབས་ཧ་ཅང་བཟང་པོ་དེ་རྦད་དེ་ཤོར་བས། དགྲ་བོའི་ཧྲི་ཤོག་དགུ་པ་དང་བཅུ་གཅིག་པའི་ལྷག་འཕྲོ་རྣམས་དབྱི་ཧོང་དུ་ཕྱིར་འཐེན་བྱེད་ཐུབ་པ་བྱུང་བ་རེད། དེ་ནི་དངོས་འབྲེལ་ཧ་ཅང་ཕངས་པོ་ཞིག་རེད།

ལྔ་པ། འཕྲིན་གཏོང་འབྲེལ་གཏུག་གནད་ལ་འཁེལ་བ་ཞིག་བྱུང་མེད་པའི་སྐོར།

རི་ཁུལ་དུ་དམག་རྒྱག་དུས་ཕན་ཚུན་འབྲེལ་གཏུག་བྱེད་རྒྱུའི་ཐད་མ་གཞི་ནས་དཀའ་ངལ་ཡོད་ནའང་ང་ཚོའི་འཕྲིན་གཏོང་འབྲེལ་གཏུག་གི་ལག་ཆ་བེད་སྤྱོད་གང་ལེགས་ཀྱིས་དཀའ་ངལ་དེ་སེལ་ཐུབ་མེད་པ་དཔེར་ན། སྐུད་མེད་གློག་འཕྲིན་གྱི་ནུས་པ་འདོན་སྤེལ་གང་ཐུབ་བྱས་ཡོད་ནའང་། ཀློག་འཕྲིན་གཏོང་རྒྱུ་མང་བའི་ཐོག་གནམ་གློག་གི་འགལ་རྐྱེན་ཀྱང་ཆེ་བས། ཐ་ན་ཛ་དྲག་ཤིན་ཏུ་ཆེ་བའི་བཀའ་ཡང་དུས་ཐོག་ཏུ་འབྱོར་མི་ཐུབ་པ་དང་གློག་འཕྲིན་ཁང་དང་བཀོད་འདོམས་བྱེད་སའི་བར་རྒྱང་ཐག་རིང་བར་མ་ཟད། སྐབས་འགར་དམག་དཔུང་འགུལ་སྐྱོད་བྱེད་པའི་སྐབས་དང་འཕྲད་པའི་དབང་གིས་ཟླ་3ཚེས་1ཉིན་གྱི་ཆུ་ཚོད་བཅུ་གཅིག་ལ་དགྲ་བོའི་ཧྲི་ཤོག་བཅུ་གཅིག་པར་ཕྱོགས་ཀུན་ནས་ཕར་རྒོལ་བྱེད་དགོས་རྒྱུའི་བཀའ་དེ་དམག་དཔུང་མང་པོར་ཕྱི་དྲོ་ལས་འབྱོར་མ་ཐུབ། དཔུང་སྡེ་ཁག་གིས་མཉམ་སྒྲུབ་གཅིག་མཐུན་གྱིས་དགྲ་བོའི་ཧྲི་ཤོག་བཅུ་གཅིག་པ་ཚར་གཅོད་ཐབས་མེད་པའི་གནས་ཚུལ་དེ་འདྲ་བྱུང་བའི་རྒྱུ་མཚན་ཞིག་ནི་གློག་འཕྲིན་དུས་ཐོག་ཏུ་འབྱོར་མ་ཐུབ་པས་རེད།

ཉེ་ལམ་ང་ཚོས་སྐུད་མེད་གློག་འཕྲིན་ཁོ་ནར་བརྟེན་ནས་འཕྲིན་སྐྱེལ་རྒྱུ་དེ་ལག་ཆ་ཆེས་གཙོ་བོ་ཞིག་ཏུ་བརྩིས་ཤིང་། འཕྲིན་གཏོང་ལག་ཆ་གཞན་བེད་མེད་དུ་དོར་བ་དེ་ནིཉེན་ཁ་ཧ་ཅང་ཆེ་བའི་སྣང་ཚུལ་ཞིག་རེད། སྐུད་མེད་གློག་འཕྲིན་ལ་སྐྱོན་ཤོར་སླ་ལ་གསང་བ་ཕྱིར་འཕྱར་ཧ་ཅང་སླ།

སྐུད་ཡོད་ཁ་པར་ནི་བཀོད་འདོམས་བྱེད་པར་ལག་ཆ་ཡག་ཤོས་ཡིན་ནའང་རིམ་པ་ཁག་གི་སྐུད་ཡོད་ཁ་པར་དུས་ཐོག་ཏུ་འཛུགས་མ་ཐུབ་པས། ཏུང་པི་དང་ཧོང་པིའི་གཡུལ་འགྱེད་དེ་གཉིས་ལ་དུས་ཐོག་ཏུ་བཀོད་འདོམས་བྱེད་མ་ཐུབ། རི་ཁུལ་དུ་དར་བརྡ་སྤྱད་ནས་བཀའ་བབ་པའི་ཐབས་ཤེས་ལ་ནུས་པ་ཧ་ཅང་ཆེན་པོ་ཡོད་ཀྱང་། དུས་རྒྱུན་སྦྱོང་བརྡར་གང་ལེགས་བྱས་མེད་པ་དང་འབྲེལ་གཡུལ་འགྱེད་དེ་གཉིས་ལ་བེད་སྤྱོད་མཁན་ཡང་མེད།

རྐང་ཐང་གིས་བསྐྱལ་བའི་སྙན་ཞུ་དང་བཀའ་རྒྱ་དང་ཡོངས་བསྒྲགས་བརྡ་ཡིག་བཅས་ཡིག་ཐོག་གི་འཕྲིན་ཡིག་རྣམས་དུས་ཐོག་ཏུ་འབྱོར་བཉུང་ཉུང་རེད།

དྲུག་པ། གཡུལ་ས་གཙང་དག་དང་དམག་མཇུག་འགྲིལ་བའི་རྗེས་ཀྱིལས་དོན་སྒྲུབ་དུས་ལྷོད་གཡེང་བྱས་ཚུལ་གྱི་སྐོར།

གཡུལ་ས་གཙང་དག་བྱེད་མཁན་གྱི་འགན་ཁུར་བློ་མཐུན་ཚོས་སྔར་བཞིན་ངེས་མེད་རྒོལ་རྡུང་རིང་ལུགས་ཀྱི་སྤྱོད་ངན་བཟུང་སྟེ་རང་ལ་མཁོ་བའི་དངོས་པོ་བསྡུས་པ་ལས་མི་མཁོ་བ་རྣམས་མི་བསྡུ་བ་སྟེ། མེ་མདའ་སྦག་སྦག་ཡང་གྲས་བསྡུས་པ་ལས་ལྕི་གྲས་མི་བསྡུ་བ་དང་། ཁ་ཤས་ཀྱིས་དངོས་པོ་གསར་པ་བསྒྲུགས་ནས་རྙིང་པ་དོར་བ། ཁ་ཤས་ཀྱིས་རང་ལ་མཁོ་བའི་ལྷུ་ལག་ཆ་ཤས་ཉར་ཚགས་བྱས་ནས་དེའི་དབང་གིས་གོ་མཚོན་དེ་བེད་མེད་དུ་གྱུར་པར་ཡིད་འཇོག་མི་བྱེད་སྟབས། དགྲ་ལག་ནས་ཐོབ་པའི་དངོས་རྫས་དག་སྒྲིག་གཞི་ཆ་ཚང་བགཅིག་ཀྱང་མེད།

ཧོང་པིའི་གཡུལ་འགྱེད་ཚར་རྗེས་གཡས་རུའི་དཔུང་ཚོགས་ཀྱིས་མེ་མདའ་སྦག་སྦག་དང་། མེ་སྒྱོགས་ཕའེ་ཅི་ཕའོ། མེ་མདའི་མདེའུ་སྐོགས་ཁག་གཅིག་བསྡུས་མེད་པའི་རྒྱུ་མཚན་ནི་དགྲ་སྡེས་རྒོལ་བར་དོགས་པས་ཡིན་མོད། ཡིན་ནའང་སྔ་ས་ནས་དེར་དོ་སྣང་བྱས་ན་སྐབས་འཕྲལ་དོར་དགོས་དོན་མེད།

ཏུང་པིའི་གཡུལ་འགྱེད་མཇུག་འགྲིལ་རྗེས་ཀྱི་ཉིན་གཉིས་པར་དམག་དཔུང་ཁག་གིས་གཡུལ་ས་གཙང་དག་བྱས་ཚར་ཞེས་སྙན་སེང་ཞུས་ཡོད་ནའང་། ཉིན་གསུམ་པར་སླར་ཡང་མི་མང་པོ་གཡུལ་ས་གཙང་དག་བྱེད་པར་བཏང་ནས་གཙང་དག་གཟའ་འཁོར་གཅིག་བྱས་མཐར། དངོས་རྫས་ཁུར་རྩ་ཆིག་སྟོང་ལྷག་ཙམ་ཐོབ་འདུག་པ་དེ་དག་ནང་རིང་མདའ་དང་། མེ་མདའ་ཁ་ཐུང་། ཐུང་མདའ། ལན་ཀྲུའུ། མེ་མདའ་སྦག་སྦག མེ་སྒྱོགས་ཕའེ་ཅི་ཕའོ་བཅས་ཕོན་ཆེན་ཡོད་པ་དང་། མདེའུ་ཤིན་ཏུ་མང་བ་དང་མདེའུ་སྐོགས་གྲངས་ལས་འདས་པ་འདུག

དེའི་ཐོག་ནས་ང་ཚོའི་བློ་མཐུན་མང་པོས་དགྲ་ལག་ནས་ཐོབ་པའི་དངོས་རྫས་ནི་དེང་སྐབས་དམར་དམག་གི་དངོས་རྫས་ཟད་གྲོན་གྱི་ཁ་སྣོན་གལ་ཆེ་ཤོས་ཤིག་ཡིན་པ་དང་། ལྷུ་ལག་ཆུང་ངུ་ཞིག་དང་མདེའུ་སྐོགས་ཙམ་ཡིན་ནའང་ཚང་མ་དགོས་མཁོ་ཧ་ཅང་ཆེན་པོ་ཡོད་པར་དོ་སྣང་བྱས་མེད་པ་གསལ་པོར་མཐོང་ཐུབ།

བཟུང་དམག་བཀོད་སྒྲིག་བྱེད་སྟངས་ནོར་བ་དེ་ཡང་ངེས་མེད་རྒོལ་རྡུང་གི་སྤྱོད་ངན་ཞིག་རེད། དགྲ་བོ་འབོར་ཆེན་བཟུང་ནས་སྐབས་འཕྲལ་བཀོད་སྒྲིག་ཁག་པོ་བྱུང་ཚེ་སྔར་སྲོལ་ལྟར་ལམ་དངུལ་སྤྲད་དེ་གཏོང་རྐྱང་བྱས་པ་རེད། ཚེ་སྲོག་བློས་བཏང་ནས་རྒྱལ་ཁ་ཐོབ་པའི་ཧོང་པིའི་གཡུལ་འགྱེད་དུ་དགྲ་དམག་ཁྲི་གཅིག་ལྟག་ཙམ་བཟུང་ཡོད་ཀྱང་འཕྲལ་མར་མང་ཆེ་བ་གློད་ནས་སུམ་སྟོང་ལྷག་ཙམ་ལས་ལྷག་མེད། ལུའི་དཔོན་དང་མདའ་དཔོན་ཚུད་པའི་ལོག་སྤྱོད་ཀྱི་དམག་དཔོན་མང་པོ་བཟུང་དམག་དཀྱིལ་ལ་འཛུལ་ཡོད་ཀྱང་ཞིབ་དཔྱད་མ་བྱས་པར་གློད་པ་དེ་ནི་གྱོང་གུན་ཧ་ཅང་ཆེན་པོ་ཞིག་རེད། ང་ཚོས་བཟུང་དམག་གློད་འགྲོལ་བཏང་རྗེས་དགྲ་བོས་འཕྲལ་དུ་སླར་ཡང་ཁོ་ཚོ་རྩ་འཛུགས་བྱས་ནས་མེ་མདའ་སྤྲད་དེ་ཟླ་བ་གཉིས་གསུམ་གྱི་རྗེས་སུ་བསྐྱར་དུ་བཟོ་ཞིང་མང་ཚོགས་ལ་རྒོལ་བར་ཡོང་གི་ཡོད། བྱེད་སྟངས་དེ་ནི་དངོས་གནས་དགྲ་བོར་རོགས་བྱས་པ་རང་རེད།

ཏུང་པིའི་གཡུལ་འགྱེད་བྱེད་དུས་གོང་གི་བསླབ་བྱ་ཐོབ་ཡོད་སྟབས་བཟུང་བའི་དམག་དཔོན་དང་དམག་མི་གཅིག་ཀྱང་གློད་མེད། དགྲ་བོའི་ཧྲི་ཤོག་བཅུ་གཅིག་པ་གཅིག་ཀྱང་མ་ལུས་པར་ཚར་བཅད་ཡོད་ཅེས་བཤད་ཆོག དགྲ་བོ་ཤི་རྨས་རྣམས་ཕུད། བྲོས་བྱོལ་དུ་སོང་བ་ནི་ཁ་ཤས་ལས་མེད། དེར་བརྟེན་ཁོ་ཚོས་སྒྲིག་གཞི་སྐྱར་གསོ་བྱེད་བསམས་ཀྱང་ཧ་ཅང་ཁག་པོ་རེད། ང་ཚོས་ཆབ་སྲིད་ཀྱི་ལས་ཀ་ཤུགས་ཆེན་བྱས་ནས་བཟུང་དམག་ཁག་གཅིག་བཀུག་སྟེ་དམར་དམག་ཏུ་ཞུགས་སུ་འཇུག་ཐུབ་པ་དང་། དེ་བྱིངས་ས་གནས་གཞན་ལ་འགྲེམས་དགོས། དེ་འདྲ་བྱས་ན་ཆབ་སྲིད་ཀྱི་དོན་སྙིང་རྒྱ་ཆེན་པོ་ཡོང་བ་དང་སྦྲགས་དགྲ་བོའི་རྩ་འཛུགས་ཐོར་ཞིག་སྔར་ལས་དཔྱིས་ཕྱིན་པར་གཏོང་ཐུབ།